སློབ་གཉེར་བདེ་དོན་ལྷན་ཚོགས།
ངོ་སྤྲོད།
ཇི་སྐད་དུ། སློབ་དཔོན་འཕགས་པ་ལྷས། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ནའང་དེ་སྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །ཅེས་གསུངས་པ་བཞིན། དམ་པའི་ཆོས་སྒྲུབ་མཁན་སྤྱི་དང་། ལྷག་པར་དུ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱེད་པར་བདེ་ཐང་ཅན་གྱི་ལུས་པོ་ཞིག་དགོས་པ་ནི་ཧ་ཅང་གལ་ཆེ་བར་བརྟེན། དཔལ་ས་སྐྱ་མཐོ་རིམ་སློབ་གྲྭའི་སློབ་གཉེར་བདེ་དོན་ལྷན་ཚོགས་འདི་ཡང་སློབ་གཉེར་བ་རྣམས་ཀྱི་འཕྲོད་བསྟེན་དང་། ཁྱད་པར་དུ་ནད་ཀྱིས་མནར་བའི་སློབ་གཉེར་བ་རྣམས་ཀྱི་བདེ་ཐང་ཁོ་ནར་དམིགས་ཏེ། ཕྱི་ལོ་༢༠༠༣ ལོར་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གིས་ “སློབ་གཉེར་བ་ནང་ཁུལ་དུ་འཕྲོད་བསྟེན་སོགས་ཀྱི་ཐད་དོ་ཁུར་བྱེད་པའི་ཚོགས་པ་ཞིག་བྱུང་ན། ཕྱོགས་གཅིག་ནས་སློབ་མའི་གནས་སྐབས་ནས་དགོན་སྡེ་དང་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་སྟངས་སྐོར་སྦྱོང་བརྡར་ཐོབ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཚོགས་ཆུང་ཞིག་གི་ལས་དོན་གྱི་དོ་ཁུར་བླངས་པའི་ཉམས་མྱོང་དེས། མ་འོངས་པར་རང་དགོན་འཛིན་སྐྱོང་གི་ཐབས་བྱུས་ལའང་སྨན་པ་སོགས་སྤྱི་སྒེར་ཀུན་ལ་ཕན་ཐོགས་ཆེ་ཚུལ་གྱི་’’ ལམ་སྟོན་འོག་གསར་དུ་དབུ་བཙུགས་པ་ཞིག་རེད།
ཚོགས་པའི་གྲུབ་ཚུལ།
ཚོགས་པ་འདིར་ལས་གཞི་ལ་དཔགས་པའི་མ་དངུལ་གྱི་གནས་ཚད་མེད་ནའང་། ཕྱི་ལོ་༢༠༠༣ ནས་བཟུང་སྐབས་སོ་སོའི་ཚོགས་མི་རྣམས་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས་ཏེ། ཕྱི་ནང་གི་ཡུལ་གྲུ་གང་སར་སྦྱིན་བདག་འཚོལ་སྒྲུབ་བྱས་པའི་བཀའ་དྲིན་ལས། དཔལ་འབྱོར་གྱི་འཁོས་ཀ་ཧ་ཅང་ཞན་པའི་སློབ་གཉེར་བ་ཡོངས་ལ་ཆུང་ས་ནས་མགོ་དང་སོ་ན་བ་དང་། ཆེ་ས་ནས་བཤགས་བཅོས་བྱ་རྒྱུས་མཚོན་སྨན་བཅོས་ཀྱི་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་བྱེད་བཞིན་པར་མ་ཟད། ལོ་རེའི་ལོ་གསར་སྐབས་ན་བཟའ་གསར་འབུལ་དང་། ལོ་སར་དང་དབྱར་སྐྱིད་དོད་དུ་ཕྱག་དངུལ་འབུལ་མཚོན། ལོ་རེའི་གུང་སེང་སྐབས་ལམ་གྲོན་ཆ་ཚང་འབུལ་བཞིན་ཡོད། གཞན་ཡང་ཉེར་མཁོའི་ཚོང་ཁང་། གློག་ཀླད་ཁང་། སྨན་ཁང་། རླངས་འཁོར། ཞལ་ཐང་། སྐུ་འདྲ། གློག་འདྲེན་འཕྲུལ་ཆས། འཐུང་ཆུའི་ཆུ་ཚགས་གསར་པ། དགུན་ཆས་ཟླ་གམ་སོགས་ཕུལ་ཏེ་སློབ་ཕྲུག་ནང་ཁུལ་གྱི་ཆིག་སྒྲིལ་དང་བརྩེ་སེམས་མཚོན་པར་བྱས་པར་མ་ཟད། སྐབས་སོ་སོའི་འཇོན་ནུས་ལ་དཔག་པའི་མཐོ་སློབ་ཀྱི་རྟེན་རྩ་ཡང་ཅི་ནུས་རེ་བཞག་པར་བརྟེན། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་དབུས་བླ་ཆེན་རྣམ་པ་དང་། མཐོ་སློབ་འདིའི་མཁན་རབས་རིམ་བྱོན་གྱི་ཐུགས་རེ་བསྐངས་ཐུབ་པ་བྱུང་ཡོད།