ཁོར་ཡུག་ལྷན་ཚོགས།
ངོ་སྤྲོད།
དཔལ་ས་སྐྱ་མཐོ་སློབ་ཀྱི་ཁོར་ཡུག་ལྷན་ཚོགས་འཛུགས་དགོས་པའི་དམིགས་ཡུལ་ནི། འཁོར་ཡུག་ཞིག་གཙང་མར་གནས་པ་དང་། འཕེལ་རྒྱས་སུ་འགྲོ་བ་ལ་ངེས་པར་དེ་ལ་སྲུང་སྐྱོབ་བྱེད་དགོས་པར་བརྟེན། སྔར་ཡོད་མི་ཉམས་པ་དང་། དེ་ཡར་རྒྱས་གཏོང་བའི་ཆེད་ཁོ་ན་ཡིན་ལ། འཛུགས་དུས་ནི་ཐོག་མར་མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་གཞི་ལ་ཡོད་ཀྱང་དངོས་སུ་དེའི་སྲས་ཀྱི་ཐུ་བོ་མཁན་ཆེན་བསོད་ནམས་རྒྱ་མཚོའི་སྐབས་སུ་བཙུགས་སོ།
ཚོགས་མི།
ཚོགས་མི་ནི། དང་པོར་འགོ་བཙུགས་དུས་ནས་ལོ་ཁ་ཤས་རིང་། ཚོགས་གཙོ་གཅིག་དང་ཚོགས་གཞོན་ཞིག རོགས་ཟླ་གསུམ་བཅས་ཁྱོན་མི་ལྔ། སློབ་ཕྲུག་གི་ཁྲོད་ནས་གྲྭ་དམངས་འོས་བསྡུའི་སྒོ་ནས་གདམས་ཐོན་བྱས་ཤིང་། དེ་ནས་ཅུང་ཟད་འགྱུར་བ་བཏང་ཏེ། མཁན་པོ་ནང་ཁུལ་གྲོས་བསྡུར་གྱིས་བཀོད་འདོམས་པ་མཁན་པོ་གཅིག། དེའི་འོག་ཏུ་གྲྭ་དམངས་ཀྱི་འོས་བསྡུ་ལས་ཐོན་པའི་ཚོགས་གཙོ་གཅིག་དང་ཚོགས་གཞོན་གཅིག་བཅས་མི་གསུམ་ལས་གྲུབ།
ཚོགས་མིའི་ལས་ཡུན་ནི། བཀོད་འདོམས་པའི་མཁན་པོ་ནི་སྐབས་དང་དུས་ལ་བལྟ་རྒྱུ་ལས་མ་ངེས་ཤིང་། གཞན་གཉིས་ལོ་གཅིག་གི་རིང་ཡིན། ལོ་གཅིག་བྱས་ཚར་ན་སླར་ཡང་ཐེངས་གཉིས་པ་བྱེད་མི་དགོས། འདེམས་དུས་ནི་འཛིན་གྲྭ་ཕར་རྒྱུའི་ཡིག་ཚད་རན་ལ་ཁད་ཏེ་སློབ་འཇུག་གི་སྐབས་སུ་ཡིན།
ཚོགས་པའི་ལས་འགན།
ཚོགས་པའི་ལས་འགན་ནི། སྤང་ཁ་ཆེ་ཆུང་ཀུན་དང་རྩི་ཤིང་རྣམས་ཚ་བ་དང་དུས་ཀྱིས་སྐམ་མི་བཅུག་པར་ཆུ་གཏོང་དགོས་དུས་ཆུ་གཏང་རྒྱུ་དང་། རིང་པོ་དང་ཟང་ཟིང་ཆགས་པ་དག། གཏུབས་དགོས་དུས་བཏུབས་ནས་མཛེས་ཉམས་གཏོད་རྒྱུ། རྩ་ངན་སྐྱེས་པ་དག་སྐོག་དགོས་དུས་སྐོག་ཏེ་སྲུང་སྐྱོབ་བྱེད་རྒྱུ་དང་། འཁོར་ཡུག་བྱིངས་བཙོག་པ་ཆགས་ཏེ་གཙང་མ་བཟོ་དགོས་དུས་བཟོ་རྒྱུ་སོགས་ཀྱིས་མདོར་ན་སྔར་ཡོད་མི་ཉམས་པ་དང་འཕེལ་རྒྱས་གཏོང་བཞིན་པའི་སྒང་ནས་གཙང་མར་ཉར་རྒྱུ་དེ་ཡིན་ནོ། ཚོགས་པའི་ལས་རོགས་ནི། དགེ་འདུན་པ་བྱིངས་ནས་བྱེད་དེ། འཁོར་ཡུག་ལྷན་ཚོགས་ཀྱི་བཀོད་འདོམས་ལྟར། དུས་རྒྱུན་དུ་ལོ་མ་མང་པོ་བབ་ས་སོགས་ས་ཆ་གནད་ཀ་ཆེ་ས་ལ་དགེ་འདུན་པ་ཁ་ཤས་བཞག་ཏེ་གཙང་མ་བཟོ་བཅུག་ཞིང་། སྤང་ཁ་དང་རྩི་ཤིང་དག་ལ་ཆུ་འདྲེན་པར་འཛིན་གྲྭ་གོང་འོག་གི་སློབ་ཕྲུག་རྣམས་རེས་མོས་བྱས་ཏེ་འགྲོ་དགོས། སྐབས་རེ་རྩ་ངན་མང་དུ་སྐྱེས་པ་ལ་སོགས་པའི་སྐབས་རང་སྦྱོང་དང་རྩོད་པའི་དུས་ཚོད་སོགས་ལ་སློབ་ཕྲུག་ཚང་མས་རྩ་ངན་སྐོག་པ་སོགས་བྱེད་པ་མ་ཟད། གཟའ་ལྷག་པའི་དགོང་དྲོ་ཆུ་ཚོད་བཞི་པ་དང་ཕྱེད་ཀ་ནས་དྲུག་པ་བར་ནི་འཆར་ཅན་གཙང་མ་བཟོ་བའི་དུས་ཚོད་ཡིན། དེ་སྐབས་ཁོར་ཡུག་ལྷན་ཚོགས་ཀྱི་ས་བཏང་པའི་སོ་སོའི་ཁོར་ཡུག་ཏུ་ཕྱིན་ནས་གད་རྒྱག་པ་དང་རྩ་ངན་སྐོག་པ་སོགས་ཀྱིས་གཙང་མ་བཟོ་བར་བྱེད་དོ།